གཞི་ལམ་འབྲས་བུའི་སྨོན་ལམ
༄༅། །རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་སྨོན་ལམ་བཞུགས་སོ། །
༄༅ གཞི་ལམ་འབྲས་བུའི་སྨོན་ལམ། །
ཀློང་ཆེན་སྙིང་གི་ཐིག་ལེ་ལས༔
གཞི་ལམ་འབྲས་བུའི་སྨོན་ལམ་བཞུགས་སོ། །
དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔
གདོད་མའི་གནས་ལུགས་རང་བཞིན་སྤྲོས་དང་བྲལ༔
ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགས༔
མེད་པ་མ་ཡིན་འཁོར་འདས་ཀུན་གྱི༔
འགལ་འདུ་མ་ཡིན་བརྗོད་བྱའི་ཡུལ་ལས་འདས༔
རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོག༔
ངོ་བོ་སྟོང་བས་རྟག་པའི་མཐའ་ལས་གྲོལ༔
རང་བཞིན་གསལ་བས་ཆད་པའི་མུ་དང་བྲལ༔
ཐུགས་རྗེ་འགག་མེད་སྣ་ཚོགས་སྤྲུལ་བའི་གཞི༔
གསུམ་དུ་དབྱེ་ཡང་དོན་ལ་ཐ་མི་དད༔
རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོག༔
བསམ་གྱིས་མི་ཁྱབ་སྒྲོ་འདོགས་ཀུན་དང་བྲལ༔
ཡོད་དང་མེད་པའི་ཕྱོགས་འཛིན་རྣམ་པར་ཞིག༔
འདི་དོན་བརྗོད་ལ་རྒྱལ་བའི་ལྗགས་ཀྱང་རྡུགས༔
ཐོག་མཐའ་བར་མེད་གཏིང་ཀླས་ཆེན་པོའི་དབྱིངས༔
རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོག༔
རང་ངོ་རྣམ་དག་སྐྱེ་མེད་ཀ་དག་ལ༔
ལྷུན་གྲུབ་འདུས་མ་བྱས་པའི་གདངས་ཤར་བ༔
གུད་དུ་མ་བཟུང་རིག་སྟོང་ཟུང་འཇུག་ཆེར༔
རྟོགས་པར་གཞི་ཡི་དགོངས་པ་ཚད་དུ་ཕྱིན༔
ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོག༔
ཡེ་ནས་དག་པས་ལྟ་བའི་མིང་ཡང་མེད༔
རང་ངོ་རིག་པས་སྒོམ་རྒྱུའི་ཤུབ་ནས་བཏོན༔
བཟའ་གཏད་མེད་པས་སྤྱོད་པའི་སྒྲོག་དང་བྲལ༔
རང་བཞིན་ལྷུན་ཞུགས་སྤྲོས་བྲལ་རྗེན་པའི་ངང་༔
ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོག༔
བཟང་ངན་རྣམ་རྟོག་ཕྱོགས་སུ་མ་ལྷུང་ཞིང་༔
བཏང་སྙོམས་ལུང་མ་བསྟན་དུ་མ་འབྱམས་པར༔
ཤར་གྲོལ་རིས་མེད་རྒྱ་ཡན་ལྷུན་འབྱམས་ཀློང་༔
སྤང་བླང་ཡེ་ཟད་རང་བཞིན་ཡོངས་ཤེས་ངང་༔
ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོག༔
ཐོག་མའི་སྤྱི་གཞི་ནམ་མཁའ་ལྟ་བུའི་ངང་༔
གཞི་སྣང་རིག་པ་མཁའ་ལ་སྤྲིན་དེངས་བཞིན༔
ཕྱི་གསལ་ཤེས་པ་ནང་དུ་ལྡོག་པ་ལས༔
ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་སྐུའི་སྦུབས༔
འབྲས་བུའི་རྒྱལ་པོ་བཙན་ས་ཟིན་པར་ཤོག༔
ཡེ་ནས་རང་རིག་ཀུན་ཏུ་བཟང་པོ་ལ༔
ཐོབ་བྱའི་ཞེ་འདོད་མཐའ་དག་དབྱིངས་སུ་ཡལ༔
བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་གཤིས༔
དབྱིངས་རིག་ཀུན་ཏུ་བཟང་པོའི་མཁའ་ཀློང་སྦུབས༔
འབྲས་བུའི་རྒྱལ་པོ་བཙན་ས་ཟིན་པར་ཤོག༔
རབ་ཏུ་མི་གནས་དབུ་མ་ཆེན་པོའི་དོན༔
ཁྱབ་གདལ་ལྷུན་འཇམ་ཕྱག་རྒྱ་ཆེན་པོའི་ངང་༔
མཐའ་གྲོལ་ཀློང་ཡངས་རྫོགས་པ་ཆེན་པོའི་གནད༔
ས་ལམ་ཡོན་ཏན་གཞིར་རྫོགས་ལྷུན་གྲུབ་སྦུབས༔
འབྲས་བུའི་རྒྱལ་པོ་བཙན་ས་ཟིན་པར་ཤོག༔
ཐུགས་བཅུད་ཀློང་ཆེན་ཟབ་བརྒྱ་ཡི༔
མཐའ་སྡུད་སྨོན་ལམ་ཟབ་མོ་འདི༔
བཀའ་སྲུང་དྲང་སྲོང་ར་ཧུ་ལས༔
བནྡེའི་ཚུལ་གྱིས་བསྐུལ་ནས་བཀོད༔
ཟབ་དོན་སྤེལ་བ་དོན་ཡོད་ཅིང་༔
རྟེན་འབྲེལ་སྨོན་ལམ་མཐར་ཕྱིན་ཕྱིར༔
ནམ་མཁའི་སྙིང་པོས་བྱིན་རླབས་པའི༔
ཀོང་སྨྱོན་སྦས་པའི་རིག་འཛིན་ལ༔
ཟབ་རྒྱ་བཀྲོལ་ཏེ་གཏད་རྒྱ་བྱས༔
འགྲོ་དོན་ནམ་མཁའ་མཉམ་པར་ཤོག༔
དགེའོ། །