Jump to content

དྭགས་པོ་ཐར་རྒྱན།/11

From Wikisource
72057དྭགས་པོ་ཐར་རྒྱན།སྒམ་པོ་པ་བསོད་ནམས་རིན་ཆེན།

༈འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསླབ་བྱ་ནི་རྣམ་པ་གསུམ་ཡིན་ཏེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་སེམས་ཀྱི་བསླབ་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །དེ་ལྟར་ཡང་བྱང་ཆུབ་ལམ་སྒྲོན་ལས། འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་གནས་པ། ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་བསླབས་ནས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་གུས་ཆེར་འགྱུར། །ཞེས་གསུངས་སོ། །

དེ་ལ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་གསུམ་ཡིན་ནོ། །ལྷག་པ་སེམས་ཀྱི་བསླབ་པ་ནི་བསམ་གཏན་ཡིན་ནོ། །ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི་ཤེས་རབ་ཡིན་ནོ། །བརྩོན་འགྲུས་ནི་གསུམ་ཆར་གྱི་གྲོགས་ཡིན་ནོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག། ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་གསུངས་སོ། །

དེའི་ཕྱིར་ན།

སྡོམ་ནི།

སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །
བརྩོན་འགྲུས་བསམ་གཏན་ཤེས་རབ་སྟེ། །
དེ་ལྟར་རྣམ་པ་དྲུག་པོ་འདིས། །
འཇུག་པའི་སེམས་བསྐྱེད་བསླབ་བྱ་བསྡུས། །

ཞེས་པའོ། །ལག་བཟངས་ཀྱིས་ཞུས་པའི་མདོ་ལས་ཀྱང་། ལག་བཟངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་རྟག་པར་རྒྱུན་དུ་ཡོངས་སུ་རྫོགས་པར་བྱའོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཞེས་གསུངས་སོ། །

ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཀྱང་བསྡུས་དོན་རྣམ་པར་གཞག་པ་དང་། ཡན་ལག་རྒྱས་པར་བཤད་པ་གཉིས་ཀྱིས་ཤེས་པར་བྱའོ། །དང་པོ་བསྡུས་དོན་རྣམ་པར་གཞག་པ་ལ།

སྡོམ་ནི།

གྲངས་ངེས་གོ་རིམ་ངེས་པ་དང་། །
མཚན་ཉིད་དང་ནི་ངེས་ཚིག་དང་། །
རབ་ཏུ་དབྱེ་དང་བསྡུ་བ་སྟེ། །
དྲུག་གིས་ཕ་རོལ་ཕྱིན་དྲུག་བསྡུས། །

ཞེས་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྲངས་ངེས་པ་ནི། མངོན་མཐོ་དང་ངེས་ལེགས་ཀྱི་དབང་དུ་བྱས་པ་སྟེ། མངོན་མཐོའི་དོན་གསུམ་དང་། ངེས་ལེགས་ཀྱི་དོན་གསུམ་མོ། །དེ་ལ་མངོན་མཐོའི་དོན་གསུམ་ནི། ལོངས་སྤྱོད་ཀྱི་དོན་དུ་སྦྱིན་པའོ། །ལུས་ཀྱི་དོན་དུ་ཚུལ་ཁྲིམས་སོ། །འཁོར་གྱི་དོན་དུ་བཟོད་པའོ། །ངེས་ལེགས་ཀྱི་དོན་གསུམ་ནི། ཡོན་ཏན་འཕེལ་བར་བྱེད་པའི་དོན་དུ་བརྩོན་འགྲུས་སོ། །ཞི་གནས་ཀྱི་དོན་དུ་བསམ་གཏན་ནོ། །ལྷག་མཐོང་གི་དོན་དུ་ཤེས་རབ་བོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང་། འཁོར་ནི་ཕུན་སུམ་ཚོགས་པ་མངོན་མཐོ་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །

གོ་རིམ་ངེས་པ་ནི། རྒྱུད་ལ་སྐྱེ་བའི་གོ་རིམ་སྟེ། སྦྱིན་པས་ལོངས་སྤྱོད་ལ་མི་བལྟ་བར་ཚུལ་ཁྲིམས་ཡང་དག་པར་ལེན་ནོ། །ཚུལ་ཁྲིམས་དང་ལྡན་ན་བཟོད་པར་འགྱུར་རོ། །བཟོད་པ་དང་ལྡན་པས་བརྩོན་འགྲུས་རྩོམ་ནུས་སོ། །བརྩོན་འགྲུས་བརྩམས་ན་ཏིང་ངེ་འཛིན་སྐྱེ་བས་འགྱུར་རོ། །ཏིང་ངེ་འཛིན་ལ་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །

ཡང་ན་དམན་པ་དང་མཆོག་གི་གོ་རིམ་སྟེ། གང་དམན་པ་ནི་སྔོན་དུ་བསྟན་ལ་མཆོག་ཏུ་གནས་པ་ནི་ཕྱིས་བསྟན་པའོ། །

ཡང་ན་ཕྲ་བ་དང་རགས་པའི་གོ་རིམ་སྟེ། གང་རགས་རགས་སུ་གྱུར་པ་འཇུག་སླ་སླ་ནི་སྔོན་དུ་བསྟན་ལ། །གང་ཕྲ་ཕྲར་གྱུར་པ་འཇུག་དཀའ་དཀའ་ནི་ཕྱིས་བསྟན་པའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པས་གནས་པ་ཡིན། །ཞེས་གསུངས་སོ། །

བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་སོགས་པ་ཕ་རོལ་དུ་ཕྱིན་པ་རྣམས་ཀྱི་མཚན་ཉིད་ནི་རྣམ་པ་བཞི་ལྡན་ཡིན་ཏེ། མི་མཐུན་པའི་ཕྱོགས་ཉམས་དམས་པར་བྱེད་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པ་དང་། འདོད་པ་ཐམས་ཅད་རྫོགས་པར་བྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་རྣམ་པ་གསུམ་མོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམས་སྨིན་བྱེད་རྣམ་གསུམ། །ཞེས་པ་ལ་སོགས་པ་གསུངས་སོ། །

ངེས་ཚིག་ནི། དབུལ་བ་འདོར་བར་བྱེད་པས་ན་སྦྱིན་པའོ། །བསིལ་བ་ཐོབ་པར་བྱེད་པས་ན་ཚུལ་ཁྲིམས་སོ། །ཁྲོ་བ་བཟོད་པར་བྱེད་པས་ན་བཟོད་པའོ། །མཆོག་ལ་སྦྱོར་བར་བྱེད་པ་ན་བརྩོན་འགྲུས་སོ། །ཡིད་ནང་དུ་འཛིན་པར་བྱེད་པས་ན་བསམ་གཏན་ནོ། །འདིས་དོན་དམ་པ་ཤེས་པས་ན་ཤེས་རབ་བོ། །འདི་རྣམས་ཀྱིས་འཁོར་བའི་ཕ་རོལ་མྱ་ངན་ལས་འདས་པར་བྱེད་པས་ན་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང་། བསིལ་པ་ཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱོར་པ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་གསུངས་སོ། །

རབ་ཏུ་དབྱེ་བ་ནི། སྦྱིན་པའི་སྦྱིན་པ། སྦྱིན་པའི་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་བ་རེ་རེ་ལ་ཡང་དྲུག་དྲུག་ཏུ་དབྱེ་སྟེ། དེ་ལྟར་སུམ་ཅུ་རྩ་དྲུག་གོ། དེ་ལྟར་ཡང་མངོན་རྟོགས་རྒྱན་ལས། སྦྱིན་པ་ལ་སོགས་རྣམ་དྲུག་ལ། །དེ་དག་སོ་སོར་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་གསུངས་སོ། །

བསྡུ་བ་ནི་ཚོགས་རྣམ་པ་གཉིས་སུ་བསྡུས་པ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་བསོད་ནམས་ཀྱི་ཚོགས་ཡིན། ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཡིན། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གསུམ་ཚོགས་གཉིས་ཀར་གཏོགས་པ་ཡིན་ནོ། །དེ་ལྟར་མདོ་སྡེ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ཞེས་གསུངས་སོ། །

དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་གཞག་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །། །