དྭགས་པོ་ཐར་རྒྱན།/13
༈ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ། །
སྡོམ་ནི།
སྐྱོན་ཡོན་རྣམ་གཉིས་བསྟན་པ་དང་། །
ངོ་བོ་དང་ནི་དབྱེ་བ་དང་། །
ཕྱེ་བ་སོ་སོའི་མཚན་ཉིད་དང་། །
སྤེལ་དང་དག་པར་བྱ་བ་དང་། །
འབྲས་བུ་དང་ནི་དོན་བདུན་གྱིས། །
ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བསྡུས། །
ཞེས་པའོ། །དེ་ལ་དང་པོ་བཤད་ན། གང་ཞིག་སྦྱིན་པ་དང་ལྡན་ཡང་ཚུལ་ཁྲིམས་དང་མི་ལྡན་ན། དེས་ལྷ་མི་རྣམ་པར་དག་པ་ལྟ་བུའི་ལུས་ཕུན་སུམ་ཚོགས་པ་མི་ཐོབ་བོ། །དེ་ལྟར་ཡང་དབུ་མ་འཇུག་པ་ལས། །སྐྱེ་བུ་ཚུལ་ཁྲིམས་རྐང་པ་ཆག་གྱུར་ན། །སྦྱིན་པས་ལོངས་སྤྱོད་ལྡན་ཡང་ངན་འགྲོར་ལྟུང་། །ཞེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་མི་ལྡན་ན་དམ་པའི་ཆོས་དང་མི་ཕྲད་དོ། །དེ་ལྟར་ཡང་ཚུལ་ཁྲིམས་དང་ལྡན་པའི་མདོ་ལས། །ཇི་ལྟར་མིག་མེད་གཟུགས་མཐོང་མི་འགྱུར་བ། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཞེས་གསུངས་སོ། །
ཡང་ཚུལ་ཁྲིམས་དང་མི་ལྡན་ན་ཁམས་གསུམ་འཁོར་བ་ལས་མི་ཐར་རོ། །དེ་ལྟར་ཡང་མདོ་དེ་ཉིད་ལས། ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཞེས་གསུངས་སོ། །
ཡང་ཚུལ་ཁྲིམས་དང་མི་ལྡན་ན་སངས་རྒྱས་ཀྱི་ལམ་མ་ཚང་བས་བླ་མེད་ཀྱི་བྱང་ཆུབ་མི་ཐོབ་བོ། །དེ་ལས་ལྡོག་སྟེ་ཚུལ་ཁྲིམས་དང་ལྡན་ན་ལུས་ཕུན་སུམ་ཚོགས་པ་ཐོབ་བོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང་། །མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་གསུངས་སོ། །
ཡང་ཚུལ་ཁྲིམས་དང་ལྡན་ན། བདེ་ལེགས་ཐམས་ཅད་ཀྱི་གཞི་ཐིངས་པ་ཡིན་ནོ། །དེ་ལྟར་ཡང་བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་གསུངས་སོ། །
ཡང་ཚུལ་ཁྲིམས་དང་ལྡན་ན་ཞིང་ས་གཤིན་པ་དང་འདྲ་སྟེ། དེ་ལ་བརྟེན་ནས་ཡོན་ཏན་གྱི་ལོ་ཐོག་ཐམས་ཅད་འཕེལ་བར་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་དབུ་མ་འཇུག་པ་ལས། ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམ་འཕེལ་ན། །འབྲས་བུ་ཉེར་སྤྱོད་ཆད་པ་མེད་པར་འགྱུར། །ཞེས་གསུངས་སོ། །
ཡང་ཚུལ་ཁྲིམས་དང་ལྡན་ན་ཏིང་ངེ་འཛིན་གྱི་སྒོ་དུ་མ་ཡང་སྐྱེའོ། །དེ་ལྟར་ཡང་ཟླ་བ་སྒྲོན་མའི་མདོ་ལས། ཉོན་མོངས་མེད་པའི་ཏིང་འཛིན་མྱུར་ཐོབ་སྟེ། །འདི་ནི་ཚུལ་ཁྲིམས་རྣམ་དག་ཕན་ཡོན་ནོ། །ཞེས་གསུངས་སོ། །
ཡང་ཚུལ་ཁྲིམས་དང་ལྡན་ན་སྨོན་ལམ་ཅི་བཏབ་པ་འགྲུབ་བོ། །དེ་ལྟར་ཡང་ཡབ་སྲས་མཇལ་བའི་མདོ་ལས། ཚུལ་ཁྲིམས་རྣམ་དག་གང་བསྲུངས་པས། །སྨོན་ལམ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་སོ། །
ཡང་ཚུལ་ཁྲིམས་དང་ལྡན་ན་བྱང་ཆུབ་བསྒྲུབ་པར་སླ་བ་ཡིན་ནོ། །དེ་ལྟར་ཡང་མདོ་དེ་ཉིད་ལས། ཁྲིམས་གཙང་ཕན་འདོགས་མང་བས་ན། །བྱང་ཆུབ་འགྲུབ་པ་ཡོང་མི་དཀའ། །ཞེས་གསུངས་སོ། །
དེ་ལ་སོགས་པའི་ཡོན་ཏན་ཡོད་དེ། ཇི་སྐད་དུ། ཚུལ་ཁྲིམས་དང་ལྡན་པའི་མདོ་ལས། ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་ཕྲད། ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག། ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཅེས་པ་ལ་སོགས་པ་གསུངས་སོ། །
ཚུལ་ཁྲིམས་ཀྱི་ངོ་བོ་ནི། ཡོན་ཏན་བཞི་ལྡན་ཡིན་ཏེ། ཇི་སྐད་དུ་བྱང་ས་ལས། ཡོན་ཏན་བཞི་དང་ལྡན་པ་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡིན་པ་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པ་དང་། བསམ་པ་ཤིན་ཏུ་རྣམ་པར་དག་པ་དང་། ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པ་དང་། མི་ཉམས་པར་བྱ་བའི་ཕྱིར་གུས་པ་བསྐྱེད་ནས་དྲན་པ་ཉེ་བར་གནས་པའོ། །ཞེས་གསུངས་ཏེ། ཡོན་ཏན་བཞི་པོ་འདི་དག་ཀྱང་མདོར་བསྡུས་ན། ལེན་པ་དང་བསྲུང་བ་གཉིས་སོ། །དེ་ལ་ལེན་པ་ནི་ཚིག་དང་པོའོ། །བསྲུང་བ་ནི་ཚིག་ཕྱི་མ་གསུམ་མོ། །
ཚུལ་ཁྲིམས་ལ་དབྱེ་ན་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་སོ། །དེ་ལ་དང་པོ་ནི་སེམས་གནས་པར་བྱེད་པའོ། །གཉིས་པ་ནི་རང་རྒྱུད་ཀྱི་ཆོས་སྨིན་པར་བྱེད་པའོ། །གསུམ་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །
དེ་དག་སོ་སོའི་མཚན་ཉིད་བཤད་ན། སྡོམ་པའི་ཚུལ་ཁྲིམས་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེ་ལ་ཐུན་མོང་བ་ནི། སོ་སོར་ཐར་པ་རིས་བདུན་པོའོ། །དེ་ལྟར་ཡང་བྱང་ས་ལས། །དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི། སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ། རིས་བདུན་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་ཚུལ་ཁྲིམས་གང་ཡིན་པ་སྟེ། དེ་ཡང་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ལ་ཅི་རིགས་པར་རིག་པར་བྱའོ། །ཞེས་གསུངས་སོ། །
འདི་དག་ཀྱང་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལོག་པ་ཡིན་ཏེ། དེ་ཡང་སོ་སོར་ཐར་པ་རང་སྐྱེ་བ་ནི་རང་དོན་དུ་ལོག་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་གཞན་དོན་དུ་ལོག་པ་ཡིན་ནོ། །དེ་ལྟར་ཡང་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། དེ་རྒྱལ་སྲིད་ཀྱི་ཕྱིར་ཚུལ་ཁྲིམས་མི་བསྲུང་། མཐོ་རིས་ཀྱི་ཕྱིར་མ་ཡིན། བརྒྱ་བྱིན་གྱི་ཕྱིར་མ་ཡིན། ཚངས་པའི་ཕྱིར་མ་ཡིན། ལོངས་སྤྱོད་ཀྱི་ཕྱིར་མ་ཡིན། དབང་ཕྱུག་གི་ཕྱིར་མ་ཡིན། གཟུགས་ཀྱི་ཕྱིར་མ་ཡིན། དེ་བཞིན་དུ་སྦྱར་ཏེ། དམྱལ་བའི་འཇིགས་པས་འཇིགས་ནས་ཚུལ་ཁྲིམས་བསྲུང་བ་མ་ཡིན། །དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱིས་འཇིགས་སྐྲག་པས་ཚུལ་ཁྲིམས་བསྲུང་བ་མ་ཡིན་ཏེ། གཞན་དུ་ན་སངས་རྒྱས་ཀྱི་ཚུལ་ལ་དགོད་པའི་ཕྱིར་ཚུལ་ཁྲིམས་བསྲུང་། །
སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དོན་དུ་གཉེར་བས་ཚུལ་ཁྲིམས་བསྲུང་ངོ་། །ཞེས་གསུངས་སོ། ། ཐུན་མོང་མ་ཡིན་པ་ལ། སློབ་དཔོན་ཞི་བ་ལྷ་ནི། ནམ་མཁའི་སྙིང་པོའི་མདོའི་རྗེས་སུ་འབྲངས་ནས། རྒྱལ་པོའི་རྩ་བའི་ལྟུང་བ་ལྔ། བློན་པོའི་རྩ་བའི་སྟུང་བ་ལྔ། ལས་དང་པོ་པའི་རྩ་བའི་ལྟུང་བ་བརྒྱད་དེ། མིང་དུ་བཅོ་བརྒྱད། རྫས་སུ་བཅུ་བཞི་པོ་སྤོང་བ་ལ་བསླབ་པའོ། །ཞེས་བཞེད་དོ། །དེ་ལྟར་ཡང་། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང་། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང་། །བཙོན་རར་འཇུག་པར་བྱེད་པ་དང་། །རབ་ཏུ་བྱུང་ལས་འབེབས་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །ལོག་པར་ལྟ་བ་འཛིན་པ་དང་། །གྲོང་ལ་སོགས་པ་འཇིག་པ་དག། རྩ་བའི་ལྟུང་བར་རྒྱལ་བས་གསུངས། །བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང་། །སངས་རྒྱས་ཉིད་ལ་ཞུགས་པ་དག། རྫོགས་པའི་བྱང་ཆུབ་བཟློག་པ་དང་། །སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེན་པོར་སྦྱོར་བ་དང་། །
སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང་། །རང་གི་ཡོན་ཏན་བརྗོད་པ་དང་། །རྙེད་པ་དང་ནི་བཀུར་སྟི་དང་། །ཚིགས་བཅད་སྒྱུ་ཡིས་གཞན་སྨོད་དང་། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང་། །དགེ་སྦྱོང་ཆད་པས་གཅོད་འཇུག་དང་། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང་། །སྦྱིན་པ་ལེན་པར་བྱེད་པ་དང་། །ཞི་གནས་འདོར་བར་བྱེད་པ་དང་། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་གསུངས་སོ། །
ཇོ་བོ་གསེར་གླིང་པ་ནི། བྱང་ཆུབ་སེམས་དཔའི་སའི་རྗེས་སུ་འབྲངས་ནས། ཕམ་པའི་གནས་ལྟ་བུ་བཞི་དང་། ཉེས་བྱས་བཞི་བཅུ་རྩ་དྲུག་སྤོང་བ་ལ་བསླབ་པའོ། །ཞེས་བཞེད་དོ། །
དེ་ལ་ཕམ་པའི་གནས་ལྟ་བུ་བཞི་ནི། བྱང་སའི་དོན་བསྡུས་པ་སྡོམ་ཉི་ཤུ་པ་ལས། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་སྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །ངམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་སོ། །
ཉེས་བྱས་བཞི་བཅུ་རྩ་དྲུག་ཀྱང་དེ་ཉིད་ལས། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །འདོད་པའི་སེམས་ཀྱི་རྗེས་སུ་འཇུག། ཅེས་པ་ལ་སོགས་པ་གསུངས་སོ། ། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་བླངས་པའི་འོག་ཏུ་བྱང་ཆུབ་ཆེན་པོའི་ཕྱིར་ལུས་དང་ངག་གིས་དགེ་བ་བསགས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། །མདོར་བསྡུ་ན། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཡིན་ནོ། །
དེ་ཡང་གང་ཞེ་ན། བྱང་ས་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་བརྟེན་ཅིང་གནས་ནས། ཐོས་པ་དང་བསམ་པ་དང་སྒོམ་པ་དང་གཅིག་པུར་དགའ་བ་ལ་བརྩོན་པར་བྱེད་དོ། །བླ་མ་རྣམས་ལ་བཀུར་སྟི་དང་རིམ་གྲོ་བྱེད་པ་དང་། ནད་པ་ལ་རིམ་གྲོ་དང་ནད་གཡོག་བྱེད་པ་དང་། ལེགས་པར་སྦྱིན་ཞིང་ཡོན་ཏན་བསྒྲག་པ་དང་། གཞན་གྱི་བསོད་ནམས་ལ་ཡི་རང་ཞིང་བརྙས་པ་ལ་བཟོད་པ་དང་། དགེ་བ་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་འདེབས་པ་དང་། དཀོན་མཆོག་མཆོད་ཅིང་བརྩོན་འགྲུས་རྩོམ་པ་དང་། བག་ཡོད་པར་གནས་པ་དང་། བསླབ་པ་དྲན་པ་དང་། ཤེས་བཞིན་གྱིས་བསྲུང་བ་དང་། དབང་པོའི་སྒོ་བསྲུང་ཞིང་ཟས་ཀྱི་ཚོད་ཤེས་པ་དང་། ནམ་གྱི་ཆ་སྟོད་དང་། ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། སྐྱེས་བུ་དམ་པ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། རང་གི་འཁྲུལ་པ་ལ་བརྟགས་ནས་དེ་འཆགས་ཤིང་གཏོང་བ་སྟེ། །དེ་ལྟ་བུའི་ཆོས་རྣམས་བསྒྲུབ་པ་དང་། བསྲུང་བ་དང་། རྣམ་པར་འཕེལ་བར་བྱེད་པ་ནི། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཞེས་བྱའོ། །ཞེས་གསུངས་སོ། །
སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། མདོར་བསྡུ་ན་རྣམ་པ་བཅུ་གསུམ་དུ་རིག་པར་བྱ་སྟེ། གང་ཞེ་ན། བྱང་ས་ལས། བྱ་བ་དོན་དང་ལྡན་པ་ལ་གྲོགས་སུ་འགྲོ་བ་དང་། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་སེལ་བ་དང་། ཐབས་མི་ཤེས་པ་ལ་རིག་པ་སྟོན་པ་དང་། བྱས་པ་བཟོ་ཞིང་ཚོར་ཏེ་ལན་དུ་ཕན་འདོགས་པ་དང་། འཇིགས་པ་རྣམས་ལས་སྲུང་བ་དང་། སྡུག་བསྔལ་བ་རྣམས་ཀྱི་མྱ་ངན་སེལ་བ་དང་། ཡོ་བྱད་མེད་པ་རྣམས་ལ་ཡོ་བྱད་སྟོབ་པ་དང་། ཆོས་ཀྱི་འཁོར་ལེགས་པར་སྡུད་པ་དང་། སེམས་དང་མཐུན་པར་འཇུག་པ་དང་། ཡང་དག་པའི་ཡོན་ཏན་གྱིས་དགའ་བར་བྱེད་པ་དང་། ལེགས་པར་ཚར་གཅོད་པ་དང་། རྫུ་འཕྲུལ་གྱི་སྐྲག་པ་དང་། འདུན་པར་བྱེད་པའོ། །ཞེས་གསུངས་སོ། །
གཞན་ཡང་བྱང་ཆུབ་སེམས་དཔའ་གཞན་དད་ཅིང་རང་མི་ཉམས་པར་བྱ་བའི་ཆེད་དུ། སྒོ་གསུམ་གྱི་འདུ་བྱེད་མ་དག་པ་སྤང་ཞིང་། དག་པ་གསུམ་བརྟེན་པར་བྱའོ། །
དེ་ལ་ལུས་ཀྱི་འདུ་བྱེད་མ་དག་པ་ནི། དགོས་པ་དང་བྲལ་བའི་མཆོང་རྒྱུག་ལ་སོགས་པ་དམུ་རྒོད་ཀྱི་སྤྱོད་པ་སྟེ་དེ་དག་སྤང་ངོ་། །
འདུ་བྱེད་དག་པ་ནི། དལ་བ་དང་འཇམ་པ་ལ་གནས་ཏེ། བཞིན་འཛུམ་པ་དང་བཅས་པར་བྱའོ། །དེ་ལྟར་ཡང་། དེ་ལྟར་རང་དབང་ཡོད་བགྱིས་ཏེ། །རྟག་ཏུ་འཛུམ་པའི་བཞིན་དུ་གྱིས། །ཁྲོ་གཉེར་ངོ་ཟུམ་ཡོངས་སྤང་ཏེ། །འགྲོ་བའི་བཤེས་དང་གསོང་པོར་གྱིས། །ཞེས་གསུངས་སོ། །
གཞན་བལྟ་བའི་ཚེ་ཇི་ལྟར་བལྟ་ན། མིག་གིས་སེམས་ཅན་བལྟ་ན་ཡང་། །འདི་དག་ཉིད་ལ་བརྟེན་ནས་བདག། སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། །དྲང་ཞིང་བྱམས་པའི་ཚུལ་དུ་བལྟ། །ཞེས་གསུངས་པ་ལྟར་རོ། །
འདུག་པའི་ཚེ་ཇི་ལྟར་འདུག་ན། རྐང་པ་བརྐྱངས་ཏེ་མི་འདུག་ཅིང་། །ལག་པ་མཉམ་པར་མི་མཉེའོ། །ཞེས་གསུངས་པ་ལྟར་རོ། །
ཟས་ཟ་བའི་ཚེ་ཇི་ལྟར་ཟ་ན། ཡང་ཇི་སྐད་དུ། ཁ་བཀང་བ་དང་སྒྲ་བཅས་དང་། །ཁ་གདངས་ནས་ནི་བཟའ་མི་བྱ། །ཞེས་གསུངས་པ་ལྟར་རོ། །
སྤྱོད་ལམ་གྱི་ཚེ་ཇི་ལྟར་བྱ་ན། ཁྲི་ལ་སོགས་པ་བབ་ཅོལ་དུ། །སྒྲ་དང་བཅས་པས་མི་འདོར་རོ། །སྒོ་ཡང་དྲག་ཏུ་མི་དབྱེ་སྟེ། །རྟག་ཏུ་བཅོམ་བསྐྱུང་དགའ་བར་བྱ། །ཞེས་གསུངས་པ་ལྟར་རོ། །
ཉལ་བའི་ཚེ་ཇི་ལྟར་ཉལ་ན། ཇི་སྐད་དུ། མགོན་པོ་མྱ་ངན་འདས་གཟིམས་ལྟར། །འདོད་པའི་ཕྱོགས་སུ་ཉལ་བར་བྱ། །ཞེས་གསུངས་པ་ལྟར་རོ། །
ངག་གི་འདུ་བྱེད་མ་དག་པ་ནི། སྨྲ་བ་མང་པོ་དང་། སྨྲ་བ་རྣོན་པོ་སྤངས་པའོ། །
དེ་ཡང་སྨྲ་བ་མང་པོའི་ཉེས་པ་ནི། འཕགས་པ་དཀོན་མཆོག་སྤྲིན་ལས་གསུངས་ཏེ། ཇི་སྐད་དུ། བྱིས་པ་དམ་པའི་ཆོས་ལས་རབ་ཏུ་ཉམས། །སེམས་ནི་མི་མཉེན་རབ་ཏུ་རྩུབ་པར་འགྱུར། །ཞི་གནས་ལྷག་མཐོང་དག་དང་རབ་ཏུ་རིང་། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། རྟག་ཏུ་བླ་མ་རྣམས་ལ་གུས་པ་མེད། །སྦགས་པའི་གཏམ་ངག་ལ་ནི་དགའ་བ་སྐྱེ། །སྙིང་པོ་མེད་ལ་གནས་ཤིང་ཤེས་རབ་ཉམས། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། ཞེས་པ་ལ་སོགས་པ་གསུངས་སོ། །
སྨྲ་བ་རྣོན་པོའི་ཉེས་པ་ནི། ཟླ་བ་སྒྲོན་མེའི་མདོ་ལས། །གང་གིས་འཁྲུལ་པ་ཅི་མཐོང་ཡང་། །དེ་དག་ཉེས་པར་མི་བསྒྲག་སྟེ། །ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ལ་ལྟུང་བ་གླེང་ན་བྱང་ཆུབ་དང་རིང་དུ་འགྱུར་རོ། །ཕྲག་དོག་གིས་གླེང་ན་བྱང་ཆུབ་དང་རིང་དུ་འགྱུར་རོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེས་ན་སྨྲ་བ་མང་པོ་དང་། །རྣོན་པོ་སྤོང་བར་བྱའོ། །
ངག་གི་འདུ་བྱེད་དག་པར་ཇི་ལྟར་སྨྲ་ཞེ་ན། ཇི་སྐད་དུ། སྨྲ་ན་ཡིད་ཕེབས་འབྲེལ་བ་དང་། །དོན་གསལ་ཡིད་དུ་འོང་བ་དང་། །ཆགས་དང་ཞེ་སྡང་སྤང་པ་དང་། །འཇམ་ཞིང་རན་པར་སྨྲ་བར་བྱ། །ཞེས་གསུངས་པ་ལྟར་རོ། །
ཡིད་ཀྱི་འདུ་བྱེད་མ་དག་པ་ནི། རྙེད་པ་དང་བཀུར་སྟི་ལ་ཞེན་པ་དང་། །གཉིད་དང་རྨུགས་པ་ལ་ཆགས་པ་ལ་སོགས་ཡིན་ནོ། །དེ་ཡང་རྙེད་པ་དང་བཀུར་སྟི་ལ་ཆགས་པའི་ཉེས་པ་ནི། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔས་རྙེད་པ་དང་བཀུར་སྟི་ནི་འདོད་ཆགས་བསྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཞེ་སྡང་བསྐྱེད་པར་རིག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཏི་མུག་བསྐྱེད་པར་རིག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཡོ་བསྐྱེད་པར་རིག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སངས་རྒྱས་ཐམས་ཅད་ཀྱིས་མི་གནང་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དགེ་བའི་རྩ་བ་འཕྲོག་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི། ཕ་རོལ་འབྲིད་པའི་སྨད་ཚོང་མ་དང་འདྲ་བར་བརྟག་པར་བྱའོ། །ཞེས་པ་ལ་སོགས་པ་གསུངས་སོ། །
རྙེད་པ་རྙེད་ཀྱང་ངོམས་པར་མི་འགྱུར་ཏེ། ཡབ་སྲས་མཇལ་བའི་མདོ་ལས། རྨི་ལམ་རྨིས་པའི་ཆུ་ལྟ་བུར། །འཐུངས་ཀྱང་ངོམས་པར་མི་འགྱུར་བ། །དེ་ལྟར་འདོད་པའི་ཡོན་ཏན་རྣམས། །བསྟེན་ན་ངོམས་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་བརྟགས་ནས་འདོད་པ་ཆུང་བར་བྱ། །ཆོག་ཤེས་པར་བྱའོ། །
གཉིད་ལ་དགའ་བའི་ཉེས་པ་ཡང་། ཇི་སྐད་དུ། གང་ཞིག་གཉིད་དང་རྨུགས་ལ་དགར་གྱུར་པ། །དེ་ཡིས་ཤེས་རབ་ཤིན་ཏུ་ཉམས་ཆུང་འགྱུར། །དེ་ཡིས་བློ་ཡང་ཡོངས་སུ་ཉམས་པར་འགྱུར། །ཡེ་ཤེས་ལས་ནི་རྟག་ཏུ་དེ་ཉམས་འགྱུར། །ཞེས་པ་དང་། གང་ཞིག་གཉིད་དང་རྨུགས་ལ་དགའ་གྱུར་པ། མི་ཤེས་ལེ་ལོ་སྙོམས་ལས་ཤེས་རབ་འཆལ། །དེ་ལ་མི་མ་ཡིན་པས་གླགས་རྙེད་དེ། །ནགས་ན་གནས་པའི་ཚེ་ན་འཚེ་བར་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། །དེས་ན་དེ་དག་སྤང་བར་བྱའོ། །
ཡིད་ཀྱི་འདུ་བྱེད་དག་པ་ནི། དད་པ་ལ་སོགས་པ་སྔར་བསྟན་པ་དེ་དག་ལ་གནས་པར་བྱའོ། །
ཚུལ་ཁྲིམས་སྤེལ་བ་ནི། ཡེ་ཤེས་དང་། ཤེས་རབ་དང་། བསྔོ་བ་གསུམ་གྱིས་སྤེལ་བ་སྟེ། གོང་དུ་བསྟན་པ་ལྟར་རོ། །
ཚུལ་ཁྲིམས་དག་པར་བྱེད་པ་ནི། སྟོང་པ་ཉིད་དང་སྙིང་རྗེས་ཟིན་པ་སྟེ་གོང་དུ་བསྟན་པ་ལྟར་རོ། །
ཚུལ་ཁྲིམས་ཀྱི་འབྲས་བུ་ནི། མཐར་ཐུག་དང་གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། དེ་ལྟར་ཡང་བྱང་ས་ལས། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །
གནས་སྐབས་སུ་ནི་མི་འདོད་ཀྱང་འཁོར་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཐོབ་སྟེ། དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤཱ་རིའི་བུ་དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔས་ལྷ་དང་མིའི་དཔལ་ཕུན་སུམ་ཚོགས་པ་མྱོང་བར་མི་འགྱུར་བ་གང་ཡང་མེད་དོ། །ཞེས་གསུངས་སོ། །
འཁོར་བའི་བདེ་སྐྱིད་དེས་ཀྱང་ཟིལ་གྱིས་མི་ནོན་པར་བྱང་ཆུབ་ཀྱི་ལམ་ལ་འཇུག་པར་འགྱུར་ཏེ། སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལས་ཡོངས་སུ་མི་ཉམས་ཏེ། དེ་ལ་ཡང་བག་ཡོད་ཅིང་བྱང་ཆུབ་འདོད་པ་ཡིན་ནོ། །བརྒྱ་བྱིན་ལས་ཡོངས་སུ་མི་ཉམས་ཏེ། དེ་ལ་ཡང་བག་ཡོད་ཅིང་བྱང་ཆུབ་འདོད་པ་ཡིན། ཞེས་པ་ལ་སོགས་པ་གསུངས་སོ། །
ཡང་ཚུལ་ཁྲིམས་དང་ལྡན་པ་དེ་མི་དང་མི་མ་ཡིན་པ་རྣམས་ཀྱིས་མཆོད་ཅིང་བསྙེན་བཀུར་བར་འགྱུར་ཏེ། ཇི་སྐད་དུ། དེ་ཉིད་ལས། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ལྷ་རྣམས་ཀྱིས་རྟག་ཏུ་ཕྱག་བྱས་པ་ཡིན། ཀླུ་རྣམས་ཀྱིས་རྟག་ཏུ་བསྔགས་པ་ཡིན། གནོད་སྦྱིན་རྣམས་ཀྱིས་རྟག་ཏུ་བསྟོད་པ་ཡིན། དྲི་ཟ་རྣམས་ཀྱིས་རྟག་ཏུ་མཆོད་པ་ཡིན། བྲམ་ཟེ་དང་རྒྱལ་རིགས་དང་། ཚོང་དཔོན་དང་ཁྱིམ་བདག་རྣམས་ཀྱིས་རྟག་ཏུ་གསོལ་བ་ཡིན། སངས་རྒྱས་རྣམས་ཀྱིས་རྟག་ཏུ་དགོངས་པ་ཡིན། ལྷ་དང་བཅས་པའི་འཇིག་རྟེན་གྱིས་རྟག་ཏུ་དབང་བསྐུར་བ་ཡིན། ཞེས་པ་ལ་སོགས་པ་གསུངས་སོ། །
དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅུ་གསུམ་པའོ། །། །