དྭགས་པོ་ཐར་རྒྱན།/4
༈ཐབས་ནི་དེ་ཡི་གདམས་ངག་སྟེ།
།ཞེས་པ་ལ། འོ་ན་བདག་ཅག་ལ་རྒྱུ་སངས་རྒྱས་ཀྱི་སྙིང་པོ་ཡང་ཡོད། འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་པའི་མདོ་མདོར་རྟེན་མི་ལུས་རིན་ཆེན་ཡང་རྙེད་ཅིང་། རྐྱེན་དགེ་བའི་བཤེས་གཉེན་དང་ཡང་འཕྲད་འོང་བ་ལ། དེ་སྔ་སངས་རྒྱས་མ་ཐོབ་པ་སྐྱོན་ཅི་ཞིག་བྱུང་བ་ཡིན་ཞེ་ན། དེ་ནི་བདག་ཅག་ལ་སོགས་པ་རྣམས་སངས་རྒྱས་མི་ཐོབ་པའི་གེགས་བཞིའི་དབང་དུ་གྱུར་པའི་ཉེས་སྐྱོན་ཡིན་ནོ། །
འོ་ན་སངས་རྒྱས་མི་ཐོབ་པའི་གེགས་བཞི་པོ་དེ་གང་ཞེ་ན། ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པ་དང་། སྲིད་པའི་བདེ་བ་ལ་ཆགས་པ་དང་། ཞི་བའི་བདེ་བ་ལ་ཆགས་པ་དང་། སངས་རྒྱས་སྒྲུབ་པའི་ཐབས་མི་ཤེས་པའོ། །གེགས་བཞི་པོ་དེ་གང་གིས་སེལ་ན། དགེ་བའི་བཤེས་གཉེན་གྱི་གདམས་ངག་ཐོས་ནས་དེ་ཉམས་སུ་བླངས་པས་སེལ་ལོ། །
དགེ་བའི་བཤེས་གཉེན་གྱི་གདམས་ངག་དེ་ཅི་ཙམ་ཞིག་ཅེ་ན།
སྡོམ་ནི།
མི་རྟག་བསྒོམ་དང་འཁོར་བ་ཡི། །
ཉེས་དམིགས་ལས་འབྲས་བཅས་པ་དང་། །
བྱམས་དང་སྙིང་རྗེ་བསྒོམ་པ་དང་། །
བྱང་ཆུབ་སེམས་བསྐྱེད་ཆོས་རྣམས་ཏེ། །
དེ་ལྟར་རྣམ་པ་བཞི་ཡིས་ནི། །
དེ་ཡི་གདམས་ངག་ཐམས་ཅད་བསྡུས། །
ཞེས་པ་སྟེ།
མི་རྟག་བསྒོམ་པའི་གདམས་ངག་དང་། །འཁོར་བའི་ཉེས་དམིགས་ལས་འབྲས་དང་བཅས་པ་བསྒོམ་པའི་གདམས་ངག་དང་། བྱམས་པ་དང་སྙིང་རྗེ་བསྒོམ་པའི་གདམས་ངག་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གདམས་ངག་རྣམས་ཡིན་ནོ། །
དེ་ལ་མི་རྟག་པ་བསྒོམས་པས་ནི། ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པའི་གཉེན་པོར་འགྱུར་བ་ཡིན་ནོ། །འཁོར་བའི་ཉེས་དམིགས་ལས་འབྲས་དང་བཅས་པ་བསྒོམས་པས་ནི། སྲིད་པའི་བདེ་བ་ལ་ཆགས་པའི་གཉེན་པོར་འགྱུར་བ་ཡིན་ནོ། །བྱམས་པ་དང་སྙིང་རྗེ་བསྒོམས་པས་ནི། ཞི་བའི་བདེ་བ་ལ་ཆགས་པའི་གཉེན་པོར་འགྱུར་བ་ཡིན་ནོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོས་རྣམས་ནི། སངས་རྒྱས་བསྒྲུབ་པའི་ཐབས་མི་ཤེས་པའི་གཉེན་པོར་འགྱུར་བ་ཡིན་ཏེ། སྐྱབས་འགྲོ་ནས་བཟུང་ནས་བདག་མེད་རྣམ་གཉིས་ཀྱི་དོན་སྒོམ་པ་ཡན་ཆད་དམ། ཡང་ན་ལམ་ལྔ་ས་བཅུ་མན་ཆད་སེམས་བསྐྱེད་ཀྱི་ཆོས་སུ་འོང་བ་ཡིན་ནོ། །
དེ་ཡང་ཆོས་ཁ་ཅིག་ནི་སེམས་བསྐྱེད་ཀྱི་རྟེན། ཆོས་ཁ་ཅིག་ནི་སེམས་བསྐྱེད་ཀྱི་དམིགས་པ། ཆོས་ཁ་ཅིག་ནི་སེམས་བསྐྱེད་ཀྱི་ཆོ་ག། ཆོས་ཁ་ཅིག་ནི་སེམས་བསྐྱེད་ཀྱི་བསླབ་བྱ། ཆོས་ཁ་ཅིག་ནི་སེམས་བསྐྱེད་ཀྱི་ཕན་ཡོན། ཆོས་ཁ་ཅིག་ནི་སེམས་བསྐྱེད་ཀྱི་འབྲས་བུ་སྟེ། ཐེག་པ་ཆེན་པོའི་ཆོས་ནི་སེམས་བསྐྱེད་ལ་མ་འདུས་པ་མེད་དོ། །
དེས་ན་གདམས་ངག་དེ་དག་ཐམས་ཅད་དགེ་བའི་བཤེས་གཉེན་ལས་འབྱུང་ཞིང་དགེ་བའི་བཤེས་གཉེན་ལ་རག་ལས་པ་ཡིན་ནོ། །འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་། །དགེ་བའི་བཤེས་གཉེན་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སོ། །ཞེས་དང་། ཐམས་ཅད་མཁྱེན་པ་ནི་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་རག་ལས། ཞེས་གསུངས་སོ། །
དེ་ལ་དང་པོ་ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པའི་གཉེན་པོ་མི་རྟག་པ་བསྒོམ་པ་བཤད་པར་བྱ་སྟེ། དེ་ཡང་སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ནོ། །སངས་རྒྱས་ཀྱི་ཞལ་ནས་ཀྱང་། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་གསུངས་སོ། །དེ་ཡང་ཇི་ལྟར་མི་རྟག་ན། བསགས་པའི་ཐ་མ་ནི་འཛད། བསླང་བའི་ཐ་མ་ནི་འགྱེལ། འཕྲད་པའི་ཐ་མ་ནི་བྲལ། གསོན་པའི་ཐ་མ་ནི་འཆི་བ་ཡིན་ནོ། །དེ་ལྟར་ཡང་ཆེད་དུ་བརྗོད་པའི་ཚོམས་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །བསླང་བའི་ཐ་མ་འགྱེལ་བར་འགྱུར། །འཕྲད་པའི་མཐའ་ནི་བྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བར་འགྱུར། །ཞེས་གསུངས་སོ། །
དེ་ཡང་ཇི་ལྟར་བསྒོམ་ན།
སྡོམ་ནི།
དབྱེ་བ་དང་ནི་སྒོམ་ཐབས་དང་། །
བསྒོམས་པ་ཡིས་ནི་ཕན་ཡོན་ཏེ། །
རྣམ་པ་གསུམ་པོ་དེ་དག་གིས། །
མི་རྟག་བསྒོམ་པ་ཡོངས་སུ་བསྡུས། །
ཞེས་པའོ།
།དེ་ལ་དབྱེ་བ་ནི་གཉིས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་དང་། ནང་བཅུད་ཀྱི་སེམས་ཅན་མི་རྟག་པའོ། །ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་ལའང་གཉིས་ཏེ། རགས་པའི་མི་རྟག་པ་དང་། ཕྲ་བའི་མི་རྟག་པའོ། །ནང་བཅུད་ཀྱི་སེམས་ཅན་མི་རྟག་པ་ལ་ཡང་གཉིས་ཏེ། །གཞན་མི་རྟག་པ་དང་རང་མི་རྟག་པའོ། །
དེ་དག་སྒོམ་པའི་ཐབས་ལ་དང་པོ་ཕྱི་སྣོད་ཀྱི་རགས་པའི་མི་རྟག་པ་ནི། མ་གི་རླུང་གི་དཀྱིལ་འཁོར་ནས་ཡ་གི་བསམ་གཏན་བཞིའི་གནས་མན་ཆད་པོ་འདི་རྟག་པའི་རང་བཞིན་སྲ་མཁྲང་ཅན་འགྱུར་བ་མེད་པ་མ་ཡིན་ཏེ། རེས་འགའ་ནི་བསམ་གཉན་དང་པོ་མན་ཆད་མེས་འཇིག། རེས་འགའ་ནི་བསམ་གཏན་གཉིས་པ་མན་ཆད་ཆུས་འཇིག། རེས་འགའ་ནི་བསམ་གཏན་གསུམ་པ་མན་ཆད་རླུང་གིས་འཇིག་པ་ཡིན་ནོ། །དེ་ལ་མེས་བཤིག་པའི་དུས་སུ་ཐལ་བ་ཙམ་ཡང་མི་ལུས་ཏེ། དཔེར་ན་མར་འཚིག་པ་བཞིན་ནོ། །ཆུས་བཤིག་པའི་དུས་སུ་སྙིགས་མ་ཙམ་ཡང་མི་ལུས་ཏེ། དཔེར་ན་ལན་ཚྭ་ཆུ་ལ་ཐིམ་པ་བཞིན་ནོ། །རླུང་གིས་བཤིག་པའི་དུས་སུ་ལྷག་མ་ཙམ་ཡང་མི་ལུས་ཏེ། །དཔེར་ན་ཐལ་བ་རླུང་གིས་ཁྱེར་བ་བཞིན་ནོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག། དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མེ་ཡིས་བདུན་ནི་དེ་ནས་ནི། མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་གསུངས་སོ། །
བསམ་གཏན་བཞི་པའི་གནས་ནི། མེ་ཆུ་རླུང་གསུམ་གྱིས་མི་འཇིག་སྟེ། ནང་གི་སེམས་ཅན་ཤི་འཕོས་པ་དང་རང་འཇིག་པ་ཡིན་ནོ། །དེ་ལྟར་ཡང་། མི་རྟག་དེ་ཡི་གཞལ་མེད་ཁང་། སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །ཞེས་གསུངས་སོ། །དེ་ཡང་ད་རེས་འཇིག་རྟེན་གྱི་ཁམས་འདི་མེ་ཡིས་འཇིག་པར་མངོན་ཏེ་དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། བསྐལ་པ་གཅིག་ལོན་ནས་ནི་འཇིག་རྟེན་འདི། །ནམ་མཁའི་རང་བཞིན་ནམ་མཁའ་འགྱུར་བ་འོང་། །ལྷུན་པོ་དག་ཀྱང་འཇིག་ཅིང་རྣམ་པར་འཚིག། ཅེས་གསུངས་སོ། །
གཉིས་པ་ཕྲ་བའི་མི་རྟག་པ་ནི། དུས་བཞི་འགྱུར་བས་མི་རྟག་པ་དང་། ཉི་ཟླ་ཤར་ནུབ་ཀྱིས་མི་རྟག་པ་དང་། །སྐད་ཅིག་མས་མི་རྟག་པའོ། །
དེ་ལ་དང་པོ་ནི། ནམ་ཟླ་དཔྱིད་འབྱུང་བའི་སྟོབས་ཀྱིས་སྣོད་ཀྱི་འཇིག་རྟེན་འདི། ས་གཞི་ཡང་འབོལ་པོ། །ཁ་དོག་ཀྱང་དམར་པོ། །རྩ་ཤིང་སྔ་སྔོ་ཡང་ཁ་འབུས་ཏེ། །དེ་ཡང་མི་རྟག་འགྱུར་བའི་དུས་ཤིག་ཡོད་དོ། ། ནམ་ཟླ་དབྱར་འབྱུང་བའི་སྟོབས་ཀྱིས་ས་གཞི་ཡང་རློན་པ། ཁ་དོག་ཀྱང་སྔོན་པོ། རྩ་ཤིང་སྔ་སྔོ་ཡང་ལོ་འདབ་རྒྱས་ཏེ། དེ་ཡང་མི་རྟག་འགྱུར་བའི་དུས་ཤིག་འོང་ངོ་། །
ནམ་ཟླ་སྟོན་འབྱུང་བའི་སྟོབས་ཀྱིས་ས་གཞི་ཡང་མཁྲང་པོ། ཁ་དོག་ཀྱང་སེར་པོ། །རྩ་ཤིང་སྔ་སྔོ་ཡང་འབྲས་བུ་སྨིན་ཏེ། དེ་ཡང་མི་རྟག་འགྱུར་བའི་དུས་ཤིག་འོང་ངོ་། །
ནམ་ཟླ་དགུན་འབྱུང་བའི་སྟོབས་ཀྱིས་ས་གཞི་ཡང་འཁྱགས་པ། ཁ་དོག་ཀྱང་སྐྱ་ལམ། རྩ་ཤིང་སྔ་སྔོ་ཡང་སྐམ་ཞིང་ཆག་སྟེ། དེ་ཡང་མི་རྟག་འགྱུར་བའི་དུས་ཤིག་འོང་ངོ་། །
ཉི་ཟླ་ཤར་ནུབ་ཀྱིས་མི་རྟག་པ་ནི། ཉིན་མོ་འབྱུང་བའི་སྟོབས་ཀྱིས་སྣོད་ཀྱི་འཇིག་རྟེན་འདི་ཡང་དཀར་ཞིང་གསལ་ལ། མཚན་མོ་འབྱུང་བའི་སྟོབས་ཀྱིས་ནག་ལ་འཐིབ་སྟེ། དེ་ཡང་མི་རྟག་འགྱུར་བའི་བརྡའོ། །
སྐད་ཅིག་མས་མི་རྟག་པ་ནི། སྐད་ཅིག་མ་སྔ་མའི་དུས་ཀྱི་སྣོད་ཀྱི་འཇིག་རྟེན་དེ་སྐད་ཅིག་མ་ཕྱི་མའི་དུས་ན་མི་གནས་སོ། །གནས་པ་ལྟར་འདུག་པ་ནི། འདྲ་བ་གཞན་འབྱུང་ཡིན་ཏེ། དཔེར་ན་འབབ་ཆུའི་རྒྱུན་བཞིན་ནོ། །
ནང་བཅུད་ཀྱི་སེམས་ཅན་མི་རྟག་པ་ལ་གཉིས་ལས། དང་པོ་གཞན་མི་རྟག་པ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་མི་རྟག་པ་ཡིན་ཏེ། འཕགས་པ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཁའི་སྤྲིན་དང་འདྲ། །ཞེས་གསུངས་སོ། །
རང་མི་རྟག་པ་ནི། བདག་ཉིད་ཀྱང་སྡོད་དབང་མེད་དེ་འགྲོ་དགོས་པ་ཡིན་ནོ། །དེ་ཡང་རང་རྒྱུད་ལ་བརྟགས་པ་དང་། གཞན་རྒྱུད་ལ་སྦྱར་བ་གཉིས་སུ་ཤེས་པར་བྱའོ། །
དེ་ལ་དང་པོ་ནི་འདི་ལྟར་བསྒོམ་སྟེ། འཆི་བ་བསྒོམ་པ་དང་། འཆི་བའི་མཚན་ཉིད་བསྒོམ་པ་དང་། ཚེ་འཛད་པ་བསྒོམ་པ་དང་། འབྲལ་བར་བསྒོམ་པའོ། །
དེ་ལ་འཆི་བ་བསྒོམ་པ་ནི། བདག་འཇིག་རྟེན་འདིར་ཡུན་རིང་པོར་མི་སྡོད་ཕྱི་མ་ཕན་ཆད་དུ་འགྲོ་བ་ཡིན་སྙམ་དུ་བསམ་པའོ། །
འཆི་བའི་མཚན་ཉིད་བསྒོམ་པ་ནི། བདག་གི་སྲོག་འདི་ནི་ཟད། དབུགས་འདི་ནི་འགག། ལུས་འདི་ནི་རོའི་རྣམ་པར་འགྱུར། སེམས་འདི་ནི་གཞན་ཞིག་ན་ཕར་འཁྱམས་དགོས་པ་ཡིན་སྙམ་དུ་བསམ་པའོ། །
ཚེ་འཛད་པ་བསྒོམ་པ་ནི། ན་ནིང་ནས་ད་ཕན་ཆད་ལ་ལོ་གཅིག་སོང་སྟེ། དེ་ཙམ་གྱིས་ཚེ་འུད་ཀྱིས་ཐུང་དུ་སོང་། ཁ་སང་ནས་མདང་ཕན་ཆད་ལ་ཟླ་བ་གཅིག་ལོན་ཏེ། དེ་ཙམ་གྱིས་ཚེ་འུད་ཀྱིས་ཐུང་དུ་སོང་ཁ་ཙང་ནས་དེ་རིང་བར་ལ་ཞག་གཅིག་ལོན་ཏེ། དེ་ཙམ་གྱིས་ཚེ་འུད་ཀྱིས་ཐུང་དུ་སོང་ངོ་། །ད་ཅི་ནས་ད་ལྟ་ཕན་ལ་དར་ཅིག་སོང་སྟེ། དེ་ཙམ་གྱིས་ཚེ་ཐུང་དུ་སོང་བ་ཡིན་སྙམ་དུ་བསམ་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། ཉིན་མཚན་སྡོད་པ་ཡོངས་མེད་པར། །ཚེ་འདི་རྟག་ཏུ་གུད་གྱུར་ཅིང་། །བསྣོན་པ་གུད་ནས་ཡོད་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་སོ། །
འབྲལ་བ་བསྒོམ་པ་ནི། ད་ལྟ་ཡོད་པའི་བདག་གི་ཉེ་འབྲེལ་དང་། ནོར་རྫས་དང་། ལུས་ལ་སོགས་པའི་རྩིས་པོ་ཆེ་འདི་རྣམས་དང་ཡང་བདག་རྟག་ཏུ་འགྲོགས་སུ་མི་འོང་སྟེ། མྱུར་དུ་འབྲལ་བ་ཡིན་སྙམ་དུ་བསམ་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཐམས་ཅད་བོར་ཏེ་ཆས་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ནས། །ཞེས་པ་ལ་སོགས་པ་གསུངས་སོ། །
ཡང་ན་འཆི་བ་དགུ་ཕྲུགས་ཀྱི་ཚུལ་དུ་བསྒོམ་སྟེ། བདག་ངེས་པར་འཆི། ནམ་འཆི་ཆ་མེད་པར་འཆི། ཅིས་ཀྱང་མི་སྟོངས་པར་འཆི་སྙམས་དུ་བསམ་པའོ། །དེ་ཡང་ངེས་པར་འཆི་བ་ལ་རྒྱུ་མཚན་གསུམ་སྟེ། སྔར་མ་ཤི་བ་ལུས་པ་མེད་པའི་ཕྱིར་དང་། ལུས་འདུས་བྱས་ཡིན་པའི་ཕྱིར་དང་། ཚེ་སྐད་ཅིག་གིས་འཛད་པའི་ཕྱིར། །ངེས་པར་འཆིའོ། །དེ་ལ་སྔར་མ་ཤི་བ་ལུས་པ་མེད་པས་ངེས་པར་འཆི་བ་ནི། སློབ་དཔོན་རྟ་དབྱངས་ཀྱི་ཞལ་ནས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས་སོ། །
དེས་ན་དྲང་སྲོང་རྫུ་འཕྲུལ་ཅན་མངོན་ཤེས་དཔག་ཏུ་མེད་པ་དང་ལྡན་པ་རྣམས་ཀྱང་། མི་འཆི་བའི་ས་ཕྱོགས་སུ་འབྲོས་ས་དང་ཐར་ས་མི་རྙེད་པར་ཐམས་ཅད་འཆི་བ་ཡིན་ཏེ། འོ་སྐོལ་ལྟ་ཅི་སྨོས། དེ་ལྟར་ཡང་། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། གང་ན་སྤྱོད་ཡུལ་འཆི་མེད་པར། །ས་དེར་འགྲོ་བར་མི་ནུས་སོ། །ཞེས་གསུངས་སོ། །
དེར་མ་ཟད་ཀྱི་འཕགས་པ་རང་སངས་རྒྱས་དང་། ཉན་ཐོས་ཆེན་པོ་དགྲ་བཅོམ་པ་རྣམས་ཀྱང་མཐར་སྐུ་ལུས་གཏོང་ན། འོ་སྐོལ་ལྟ་ཅི་སྨོས། དེ་ལྟར་ཡང་ཆེད་དུ་བརྗོད་པའི་ཚོམས་ལས། གང་ཡང་རང་སངས་རྒྱས་རྣམས་དང་། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཞེས་གསུངས་སོ། །
དེར་མ་ཟད་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་རྡོ་རྗེའི་རང་བཞིན་ལྟ་བུ་ཡང་སྐུ་ལུས་འཇོག་ན། འོ་སྐོལ་ལྟ་ཅི་སྨོས། དེ་ལྟར་ཡང་སློབ་དཔོན་དཔའ་བོའི་ཞལ་ནས། ཇི་སྙེད་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་ལ་ལྟ་ཅི་སྨོས། །ཞེས་གསུངས་སོ། །
ལུས་འདུས་བྱས་ཡིན་པའི་ཕྱིར་ངེས་པར་འཆི་བ་ནི། གང་འདུས་བྱས་ཐམས་ཅད་ནི་མི་རྟག་པ་ཡིན་ལ། །འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག། སྐྱེ་ཤིང་འཇིག་པའི་ཆོས་ཅན་ཡིན། །ཞེས་གསུངས་སོ། །དེས་ན་ལུས་འདི་འདུས་མ་བྱས་མ་ཡིན་ཞིང་། འདུས་བྱས་ཡིན་པས་ན་མི་རྟག་སྟེ་ངེས་པར་འཆིའོ། །
ཚེ་སྐད་ཅིག་གིས་འཛད་པའི་ཕྱིར་ན་ངེས་པར་འཆི་བ་ནི། ཚེ་སྐད་ཅིག་མ་རེ་རེ་འདས་ཤིང་འཆི་བའི་ཕྱོགས་སུ་ཉེར་སོང་བ་ཡིན་ཏེ། དེ་མི་མངོན་ཡང་དེ་དང་ཆ་འདྲ་བ་དཔེར་ན། རྩལ་པོ་ཆེས་མདའ་འཕངས་པའམ། རི་གཟར་གྱི་ངོས་ནས་ཆུ་འབབ་པའམ། གསོད་སར་ཁྲིད་པའི་བཙོན་བཞིན་དུ་ཚེ་མྱུར་དུ་འདའ་བ་ཡིན་ནོ། །
དེ་ལ་དཔེ་དང་པོ་སྐྱེས་བུ་རྩལ་པོ་ཆེས་མདའ་འཕངས་པ་ནི། བར་སྣང་ལ་གཞི་གཅིག་ཏུ་སྐད་ཅིག་ཀྱང་མི་སྡོད་དེ། བསྡིག་པའི་ཕྱོགས་སུ་མྱུར་དུ་ཕྱིན་པ་ལྟར། ཚེ་ཡང་སྐད་ཅིག་ཀྱང་མི་སྡོད་པར་མྱུར་དུ་འཆི་བ་ཡིན་ནོ། །དེ་ལྟར་ཡང་། །དཔེར་ན་སྐྱེས་བུ་རྩལ་ཅན་གྱིས། །རྒྱུད་ལ་སྤྲིངས་ནས་མདའ་བསྐུར་བ། །མི་སྡོད་བསྡིགས་སར་མྱུར་དུ་ཕྱིན། །མི་རྣམས་ཚེ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །
ཡང་དཔེ་གཉིས་པ་རི་གཟར་གྱི་ངོས་ནས་ཆུ་འབབ་པ་དེ་དར་ཅིག་ཀྱང་མི་སྡོད་པར་རྒྱུག་པ་ལྟར། མི་ཚེ་ཡང་སྡོད་དུ་མི་བཏུབ་པ་ལྷག་པར་གསལ་བ་ཡིན་ནོ། །དེ་ལྟར་ཡང་འདུས་པ་རིན་པོ་ཆེའི་ཏོག་ལས། གྲོགས་དག་ཚེ་འདི་མྱུར་འགྲོ་སྟེ། རི་གཟར་ཆུ་དྲག་མགྱོགས་འདྲ་ན། །བྱིས་པའི་སྐྱེ་བོས་མི་ཤེས་ཏེ། །མི་མཁས་ལོངས་སྤྱོད་དྲེགས་པས་མྱོས། །ཞེས་གསུངས་སོ། །ཚོམས་ལས་ཀྱང་། ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་དུ། །ཕྱིར་མི་ལྡོག་པར་འགྲོ་བར་འགྱུར། །ཞེས་གསུངས་སོ། །
དཔེ་གསུམ་པ་གསོད་སར་ཁྲིད་པའི་བཙོན་ནི། གོམ་པ་རེ་རེ་བོར་ཞིང་འཆི་བ་ལ་བསྙེན་པ་ལྟར། །འོ་སྐོལ་གྱི་ཚེ་ཡང་དེ་དང་འདྲའོ། །དེ་ལྟར་ཡང་འཕགས་པ་ལྗོན་ཤིང་གི་མདོ་ལས། །གསོད་སར་ཁྲིད་པའི་བཙོན་བཞིན་དུ། གོམ་རེ་བོར་ཞིང་འཆི་ལ་ཉེ། །ཞེས་གསུངས་སོ། །ཚོམས་ལས་ཀྱང་། དཔེར་ན་ངེས་པར་གསོད་པ་དག། གོམ་པ་གང་དང་གང་བོར་བ། །གསོད་པའི་དྲུང་དུ་བསྙེན་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །
ནམ་འཆི་ཆ་མེད་པའི་ཚུལ་གྱིས་འཆི་བ་ལ་ཡང་རྒྱུ་མཚན་གསུམ་སྟེ། །ཚེ་ལ་ངེས་པ་མེད་པའི་ཕྱིར་དང་། །ལུས་ལ་སྙིང་པོ་མེད་པའི་ཕྱིར་དང་། འཆི་བའི་རྐྱེན་མང་བའི་ཕྱིར་ནམ་འཆི་ཆ་མེད་པར་འཆིའོ། ། དེ་ལ་དང་པོ་ནི། འགྲོ་བ་གཞན་ནམ། གླིང་གཞན་གྱི་མི་ཚེ་ལ་ངེས་པ་ཡོད་ཀྱང་། འོ་སྐོལ་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་དེ། ཆོས་མངོན་པ་མཛོད་ལས་ཀྱང་། འདི་ན་མ་ངེས་ཐ་མར་ནི། ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་གསུངས་སོ། ། དེ་ཡང་ཇི་ལྟར་ངེས་པ་མེད་ན། ཚོམས་ལས། ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙ་ན། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབས་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །ཞེས་གསུངས་པ་ལྟར་རོ། །
ལུས་ལ་སྙིང་པོ་མེད་པ་ནི། །ལུས་འདི་ལ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་ལས་མ་གཏོགས་པའི་སྙིང་པོ་སྲ་མཁྲང་གཅིག་ཀྱང་མེད་དེ། ཇི་སྐད་དུ་སྤྱོད་འཇུག་ལས། ཐོག་མར་པགས་པའི་རིམ་པ་འདི། །རང་གི་བློ་ཡིས་ཐ་དད་ཕྱེ། །ཤ་ཡང་རུས་པའི་དྲ་བ་ལས། །ཤེས་རབ་མཚོན་གྱིས་གུད་དུ་ཕྱེ། །རུས་པ་རྣམས་ཀྱང་ཕྱེ་བྱས་ནས། །རྐང་གི་བར་དུ་བལྟ་བྱ་ཞིང་། །འདི་ལ་སྙིང་པོ་ཅི་ཡོད་ཅེས། །བདག་ཉིད་ཀྱིས་ནི་བལྟ་བར་གྱིས། །ཞེས་གསུངས་སོ། །
འཆི་བའི་རྐྱེན་མང་བ་ནི། རང་གཞན་ཐམས་ཅད་ལ་འཆི་བའི་རྐྱེན་དུ་མ་གྱུར་པ་མེད་དེ། བཤེས་སྤྲིང་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡིས། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ནས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་སོ། །
ཅིས་ཀྱང་མི་སྟོངས་པར་འཆི་བ་ལ་ཡང་རྒྱུ་མཚན་གསུམ་སྟེ། ནོར་ཟས་ཀྱིས་མི་སྟོངས་པ་དང་། གཉེན་བཤེས་ཀྱིས་མི་སྟོངས་པ་དང་། རང་གི་ལུས་ཀྱིས་མི་སྟོངས་པའོ། །
དེ་ལ་ནོར་ཟས་ཀྱིས་མི་སྟོངས་པ་ནི། ཇི་སྐད་དུ་སྤྱོད་འཇུག་ལས། རྙེད་པ་མང་པོ་ཐོབ་གྱུར་ཏེ། །ཡུན་རིང་དུས་སུ་བདེ་སྤྱད་ཀྱང་། །ཆོམ་པོས་འཕྲོག་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོངས་པར་འགྲོ། །ཞེས་གསུངས་སོ། །
དེ་ལྟར་ནོར་ཟས་ཀྱིས་འཆི་བ་ལ་མི་སྟོངས་པར་མ་ཟད་དེ། འདི་ཕྱི་གཉིས་ཀ་རུ་གནོད་པ་ཡིན་ནོ། །
དེ་ལ་ཚེ་འདིར་གནོད་པ་ནི། ནོར་ཟས་ཀྱི་ཕྱིར་འཐབ་རྩོད་དང་། རྐུ་བསྲུང་བྲན་གྱི་སྡུག་བསྔལ་འབྱུང་ལ། ཕྱི་མ་དེའི་རྣམ་སྨིན་གྱིས་ངན་སོང་དུ་བསྐྱུར་བ་ཡིན་ནོ། །
དེ་ལ་གཉེན་བཤེས་ཀྱིས་མི་སྟོངས་པ་ནི། ཇི་སྐད་དུ་སྤྱོད་འཇུག་ལས། འཆི་བའི་དུས་ལ་བབས་པ་ན། །བུ་རྣམས་སྐྱབས་སུ་མི་འགྱུར་ཞིང་། །ཕ་ཡང་མ་ཡིན་གཉེན་འདུན་མིན། །ཁྱོད་ལ་སྐྱབས་སུ་འགྱུར་བ་མེད། །ཅེས་གསུངས་སོ། །དེ་ལྟར་གཉེན་འདུན་གྱིས་འཆི་བ་ལ་མི་སྟོངས་པར་མ་ཟད་དེ་འདི་ཕྱི་གཉིས་ཀ་རུ་གནོད་པ་ཡིན་ནོ། །
དེ་ལ་ཚེ་འདི་ལ་གནོད་པ་ནི། དེ་རྣམས་ཤི་དོགས་ན་དོགས་ཕམ་གྱིས་དོགས་ནས་སྡུག་བསྔལ་ཆེ་ལ། །ཕྱི་མ་དེའི་རྣམ་པར་སྨིན་པས་ངན་སོང་དུ་བསྐྱུར་བ་ཡིན་ནོ། །
རང་གི་ལུས་ཀྱིས་མི་སྟོངས་པ་ནི། ལུས་ཀྱི་ཡོན་ཏན་གྱིས་མི་སྟོང་པ་དང་། ལུས་རང་གི་དངོས་པོས་མི་སྟོངས་པའོ། །
དེ་ལ་དང་པོ་ནི། དཔའ་ཞིང་ཤེད་ཆེ་ཡང་འཆི་བ་མི་བཟློག། གཟེ་ཞིང་བང་མགྱོགས་ཀྱང་འཆི་བ་ལ་བྲོས་པས་མི་ཐར། མཛངས་ཤིང་སྨྲ་མཁས་ཀྱང་བཤད་བྱང་གིས་མི་ཐར་ཏེ། དཔེར་ན་ཉི་མ་རིའི་ཕག་ཏུ་འགྲོ་བ་ལ་སུས་ཀྱང་བཤོལ་འདེབས་པའམ། །
བཟུང་བར་མི་ནུས་པ་དང་འདྲའོ། །ལུས་རང་གི་དངོས་པོས་མི་སྟོངས་པ་ནི། ཇི་སྐད་དུ་སྤྱོད་འཇུག་ལས། དཀའ་བ་མང་པོས་བསྒྲུབས་པ་ཡི། །ཟས་དང་གོས་ཀྱིས་བསྐྱངས་པའི་ལུས། །ཁྱོད་དང་མི་འགྲོགས་བྱ་ཁྱིས་ཟ། །ཡང་ན་འབར་བའི་མེ་ཡིས་འཚིག། ཡང་ན་ཆུ་ཡི་ནང་དུ་བྲུལ། ཡང་ན་ས་ཡི་དོང་དུ་སྦ། །ཞེས་གསུངས་སོ། །དེ་ལྟར་ལུས་འདིས་འཆི་བ་ལ་མི་སྟོངས་པར་མ་ཟད་འདི་ཕྱི་གཉིས་ཀར་གནོད་པ་ཡིན་ནོ། །
དེ་ལ་ཚེ་འདིར་གནོད་པ་ནི། ལུས་འདི་ན་མི་བཟོད། ཚ་མི་བཟོད། གྲང་མི་བཟོད། བཀྲེས་མི་བཟོད། སྐོམ་མི་བཟོད། རྒྱབ་ཀྱི་དོགས་བསད་ཀྱི་དོགས། བཅིངས་ཀྱི་དོགས། བཤུས་ཀྱི་དོགས་ནས་སྡུག་བསྔལ་དུ་ཆེ་ལ། ཕྱི་མ་ལུས་འདིའི་ལན་གྲོག་གིས་ངན་སོང་དུ་བསྐྱུར་བ་ཡིན་ནོ། །
གཞན་རྒྱུད་དང་སྦྱར་བ་ནི། གཞན་ཤི་བ་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་དང་། སེམས་ལ་དྲན་པ་ཀུན་ཀྱང་རང་ལ་སྦྱར་ཞིང་བསྒོམ་པའོ། །
དེ་ལ་གཞན་ཤི་བ་མིག་གིས་མཐོང་བ་དང་སྦྱར་ན། རང་གི་ཉེ་དུ་ལ་སོགས་པ་ལུས་ནི་སྟོབས་དང་ལྡན། བྱད་བཞིན་མདངས་དང་ལྡན། ཚོར་བ་ནི་བདེ་བ་དང་ལྡན། འཆི་བ་ཡིད་ཀྱི་དགུ་ལ་མི་བྱེད་པ་ཞིག། དེ་རིང་ལྟ་བུ་འཆི་ནད་ཀྱིས་བཏབ་ནས། ལུས་ཀྱི་སྟོབས་ཤོར་ནས་ཙོག་པུ་ཡང་མི་ནུས། བྱད་ཀྱི་བཀྲག་ཤོར་ཏེ། འོམ་པོ་བཀྲག་མེད་དུ་སོང་། ཚོར་བ་སྡུག་བསྔལ་ཏེ་ན་ཚ་ལ་ཚུགས་ཐབས་མེད། ཟུག་ཟེར་ལ་ཚུགས་པ་མེད། སྨན་དང་དཔྱད་ཀྱང་མ་ཟུག། ཆོ་ག་དང་རིམ་གྲོས་ཀྱང་མ་ཕན། འཆི་བར་ནི་ཤེས་བྱ་ཐབས་ནི་མེད། གཉེན་གྱི་ཐ་མས་ནི་བསྐོར། ཟས་ཀྱི་ཐ་མ་ནི་ཟ། གཏམ་གྱི་ཐ་མ་ནི་ཟློ་ཙ་ན། བདག་ཀྱང་འདིའི་རང་བཞིན་ཅན། འདིའི་ཆོས་ཅན། འདིའི་མཚན་ཉིད་ཅན། ཆོས་ཉིད་འདི་ལས་མ་འདས་པ་ཡིན་སྙམ་དུ་བསམ། དེ་ནས་དེ་དབུགས་ཆད་ནས་དེ་རིང་ཕན་ཆད་ཇི་ལྟར་གཅེས་པ་ཁྱིམ་དེར་མེད་དུ་མི་བཏུབ་པ་ཞིག་ཡིན་ཀྱང་། ད་རོ་དེ་ཁྱིམ་དེར་ཞག་གཅིག་ཀྱང་བཞག་མ་འོས་པར། མལ་དུ་ཁུར་ཐག་ཤར་གྱིས་བྲེས་ནས། ཁྲེས་པོ་སྦྲགས་ཏེ་རོ་ཁུར་གྱིས་ཁུར་ནས་ཕྱིར་འདོན་པའི་ཚེ། ལ་ལས་ནི་རོ་དེ་ལ་འཇུ་ཞིང་འཕྱང་བ་ལྟར་བྱེད། ཁ་ཅིག་ནི་ངུ་ཞིང་གུམ་པ་ལྟར་བྱེད། ཁ་ཅིག་ནི་འབོག་ཅིང་བརྒྱལ་བ་ལྟར་བྱེད་ལ། གཞན་ཁ་ཅིག་ན་རེ་འདི་ནི་ས་ཡིན། འདི་ནི་རྡོ་ཡིན། ཁྱོད་དེ་ལྟར་བྱེད་པ་བཅོལ་ཆུང་སྐད་ཟེར། རོ་དེ་ནི་ཐེམ་པ་ཐལ་གྱིས་བརྒལ་ནས། ད་ནི་རྣམ་པ་ཐམས་ཅད་དུ་ནང་དུ་མི་ལྡོག་པ་མཐོང་ཙ་ན། བདག་ཀྱང་སྔར་བཞིན་དུ་བསམ། དེ་ནས་རོ་དེ་དུར་ཁྲོད་དུ་བསྐྱལ་ནས་འབུས་གཞིག་པ་དང་། ཁྱི་དང་ལྕེ་སྦྱང་ལ་སོགས་པས་ཟོས་པ་དང་། ཀེང་རུས་འཐོར་བ་ལ་སོགས་པ་མཐོང་ཙ་ན། བདག་ཀྱང་སྔར་བཞིན་དུ་བསམ་མོ། །
གཞན་ཤི་བ་རྣ་བས་ཐོས་པ་དང་སྦྱར་ན། ཆེ་གེ་མོ་ཤིའོ་ཟེར་བའམ། དེ་ན་ཤི་བའི་རོ་ཞིག་འདུག་གོ་ཟེར་བ་ཐོས་ཙ་ན། བདག་ཀྱང་སྔར་བཞིན་དུ་བསམ་མོ། །གཞན་ཤི་བ་སེམས་ལ་དྲན་པ་དང་སྦྱར་ན། རང་གི་ཡུལ་དང་། གྲོང་དང་། ཁྱིམ་དུ་རྒན་གཞོན་རང་དང་འགྲོགས་འགྲོགས་པ་ཇི་སྙེད་ཅིག་ཤི་སྟེ། དེ་ཀུན་བསམས་ལ་རིང་པོ་མི་ཐོགས་པར་བདག་ཀྱང་སྔར་བཞིན་དུ་བསམ་མོ། །དེ་ལྟར་ཡང་མདོ་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་ཚིས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་གསུངས་སོ། །
མི་རྟག་པ་བསྒོམས་པའི་ཕན་ཡོན་ནི། འདུས་བྱས་ཐམས་ཅད་མི་རྟག་པར་གོ་ནས་ཚེ་འདི་ལ་མངོན་ཞེན་ལྡོག་པ་ཡིན་ནོ། །གཞན་ཡང་དད་པའི་གསོས་འདེབས། བརྩོན་འགྲུས་ཀྱི་གྲོགས་བྱེད། ཆགས་སྡང་དང་མྱུར་དུ་བྲལ་ནས་ཆོས་མཉམ་པ་ཉིད་རྟོགས་རྐྱེན་བྱེད་པ་ཡིན་ནོ། །
དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། འདུས་བྱས་མི་རྟག་པར་བསྟན་པའི་ལེའུ་སྟེ་བཞི་པའོ། །། །